བབས་གནས།  དབུ་ངོས།སྐབས་དོན། ཤེས་བྱ། → བོན་གྱི་ཡིག་གཟུགས་ཀྱི་ལོ་རྒྱུས།

བོན་གྱི་ཡིག་གཟུགས་ཀྱི་ལོ་རྒྱུས།

ཡོང་ཁུངས། དྲ་བ།རྩོམ་པ་པོ། མི་གསལ།སྤེལ་དུས། 06-07

བོན་གྱི་ཡིག་གཟུགས་ཀྱི་ལོ་རྒྱུས།

༄༅། །འདུས་པ་རིན་པོ་ཆེའི་རྒྱུད་གཟེར་མིག་གི་གཤེན་རབ་ཀྱི་ནོར་ལ་བདུད་ཀྱི་ཆོ་འཕྲུལ་བསྟན་པའི་ལེའུ་སྟེ་བཅུ་གཉིས་པ་ལས།

སྨན་དང་འབྲུ་ཡི་ནགས་ཚལ་སད་ཀྱིས་བསད་པ་ན། གཤེན་རབ་ལོངས་སྤྱོད་རྐྱེན་དང་འབྲལ་བར་དྲན། བདུད་ཀྱི་དུག་སད་ཡས་མར་མཚན་བཏང་བས། སྟོན་པའི་ཐུགས་རྗེ་བྱིན་རླབས་ཀྱིས། མེ་ཏོག་གཅིག་གི་འོད་ཀྱང་ཡལ་བར་མ་ནུས་པས། ཁྱབ་པ་སྐྱེངས་ནས་ཕྱིར་ལ་བྲོས་ནས་སོང་། ནང་པར་ལུས་ཀྱིས་བོན་སྤྱོད་བྱེད་ཚུལ་བསྟན། དགོང་ཀ་བསམ་པ་ངན་པ་གཏང་ནས་སུ། བུད་མེད་བྱ་བ་ཉོན་མོངས་གཞི་མ་ཡིན། ཇི་ལྟ་བུའི་སེམས་ཀྱང་ཐང་ཆོད་ཉུང༌། གཤེན་རབ་བཙུན་མོ་རྣམས་ལ་སླུ་བར་དྲན། ཧོས་ཟ་དཔོ་ཟ་རྐོང་ཟ་གསུམ། གཤེན་རབ་བཙུན་མོ་གསུམ་བསོགས་ནས། ཚིག་བཤད་འདི་སྐད་སྨྲེང་ནས་ཁྱབ་པས་སྨྲས། །དང་པོ་བདག་དང་གཤེན་རབ་འགྲས། །འགྲས་པས་བསྡུམས་ནས་དད་པ་སྐྱེས། །བུ་སྨད་ཀུན་ཀྱང་འཁོར་དུ་ཕུལ། །ཕ་དང་མ་ཡང་འཁོར་དུ་ཕུལ། །བདག་རང་ཉིད་ཀྱང་འཁོར་དུ་མཆིས། །ཅི་ཟེར་མི་བདེན་ཅི་བྱེད་བདེན། །ད་ལྟ་འཁོར་གྱི་དམ་པ་ལགས། །སྟོན་པ་གཤེན་རབ་མི་བོ་ལ། །སྣང་སྲིད་སེམས་ཅན་ཀུན་རེ་བས། །ཕྱ་ཡི་སྐུ་འཚོར་གཤེགས་ཙམ་ན། །ཕྱ་ལྕམ་གུང་མ་རོན་དང་རོལ། །བཙུན་མོ་གསུམ་ལ་ཅི་ཞིག་སྨན། །གཉན་གྱི་བྱད་བགྲོལ་མཛད་ཙམ་ན། །ཐང་ང་གཉན་མོ་ཐང་དང་རོལ། །བཙུན་མོ་གསུམ་ལ་ཅི་ཞིག་སྨན། །ལྷ་ཡི་གསོལ་ཀ་ཕྱོད་ཙམ་ན། །ལྷ་ལྕམ་མེ་ལོང་རྒྱལ་དང་རོལ། །བཙུན་མོ་གསུམ་ལ་ཅི་ཞིག་སྨན། །ཀླུ་ཡི་དངོས་གྲུབ་ལེན་ཙམ་ན། །ཀླུ་ཟ་འོད་ལྡན་མ་དང་རོལ། །བཙུན་མོ་གསུམ་ལ་ཅི་ཞིག་སྨན། །ཕྱི་མ་ཐམས་ཅད་དེ་དང་འདྲ། །ལན་ཅིག་གཤེན་རབ་སྡིགས་པའི་ཕྱིར། །སངས་པོ་འབུམ་ཁྲིའི་ཐུགས་ཀྱི་བཅུད། །ཡིག་འབྲུ་འབུམ་དང་ཁྲི་ཡོད་པའི། །ཡིད་ཀྱི་ཁྱེའུ་ཆུང་ལ་བསྐུར་ནས། གཏོ་ཡི་བཀའ་སྒྲོམ་ཡང་ཆུང་དུ། ཐ་རམ་རྒྱ་ཡིས་བཏབ་ནས་ཡོད། བོན་གྱི་ཕུག་ནི་འདི་ལ་ཐུག། སྣང་མ་ཞུགས་ལ་སྒྲལ་ལ་གཏང༌། བོན་དང་བྲལ་ན་གཤེན་རབ་ལ། རེ་ཞིག་འགུགས་པ་ཡེ་མི་མཆིས། འོ་སྐོལ་བཙུན་མོ་འཁོར་བཅས་དང༌། མི་འབྲལ་མཉམ་དུ་འགྲོགས་སུ་མཆི། སྙིང་ཚིག་ལགས་ཀྱིས་གསན་པར་ཞུ། དེ་སྐད་ཅེས་བཙུན་མོ་གསུམ་ལ་སྨྲས་པས། ཧོས་ཟ་རྒྱལ་མེད་སེམས་ལ་ནི། དེ་ཡང་ཅིས་ཀྱང་བདེན་མི་སྲིད། བདེན་ཡང་གཤེན་རབ་ཉིད་མཁྱེན་སྐད། །ཚིག་ཏུ་ཡང་ནི་དེ་སྐད་སྨྲས། །སེམས་ལ་ཁུ་འཕྲིག་དུམ་ཡང་མེད། །བཙུན་མོ་གཉིས་ཀྱི་སེམས་ལ་ནི། །མི་བདེན་སེམས་པར་ཐང་མ་ཆོད། །བདེན་ནམ་སེམས་པའི་སེམས་ཀྱང་བྱུང༌། །བདེན་ན་ཉོན་མོངས་སེམས་ཀྱང་སྐྱེས། །ཐང་མ་ཆོད་པས་སེམས་ལ་འཁྲིས། །བདུད་ཀྱིས་བཙུན་མོའི་སྙིང་དུ་ཞུགས། །དུག་ཚེར་མང་པོའི་མེ་བཏང་ནས། །གཏོ་སྒྲོམ་ཡང་ཆུང་ཞུགས་ལ་གཞེན། །ཡིད་ཀྱི་ཁྱེའུ་ཆུང་ཕྲས་ཀྱིས་སད། །སྙིང་རྩ་འབྲེལ་ཞིང་ལུས་པོ་འགུལ། །ཅི་ཉེས་སེམས་ལ་བལྟས་ཙམ་ན། །བཙུན་མོ་དཔོ་ཟ་རྐོང་ཟ་དང༌། །བདུད་རྗེ་ཁྱབ་པ་ལག་རིང་གསུམ། །དུག་ཚེར་མང་པོའི་མེ་སྤུངས་ནས། །གཏོ་སྒྲོམ་ཡང་ཆུང་སྲེག་ཅིང་སྣང༌། །ཁུས་བཏབ་དམག་བཟློག་བརྒྱུགས་ཙམ་ན། །བདུད་རྗེ་ཁྱབ་པ་ཡུལ་དུ་བྲོས་ཏེ་སོང༌། །

ཁྱེའུ་ཆུང་གིས་མེ་ལ་རྙབས་པ་ལ། །བེ་བུམ་ཚིག་འཕྲོ་སྤར་གང་ཐོབ། །ཕྱི་མ་དུག་ཚེ་མེ་ཡིས་ཚིག། ཡིད་ཀྱི་ཁྱེའུ་ཆུང་ཡི་ཆད་ནས། །བཙུན་མོ་གསུམ་ལ་ཚིག་སྨྲས་པ། །བུད་མེད་བློ་ལ་སྙིང་པོ་མེད། །དཔེར་ན་དངོས་པོ་ཆུ་དང་འདྲ། །ཆུ་ཡི་སྙིང་པོ་ལྦུ་བ་ཡིན། །དེ་ལ་བཟུང་ཞིང་བརྟག་ཏུ་མེད། །ཕྱི་རབས་སེམས་ཅན་བསྟན་པ་རུ། །སངས་པོ་འབུམ་ཁྲིའི་ཐུགས་ཀྱི་བཅུད། །ཡིག་འབྲུ་ཁྲི་དང་འབུམ་གཉིས་ཡོད་པ་ནི། །སྣང་སྲིད་སིལ་བུར་འཆད་པའི་རྒྱུ། །བདུད་དང་བཙུན་མོས་ཞུགས་ལ་གཞེན། །ཡི་གེ་གླེགས་བམ་རྒྱུད་བྲིས་ནས། །ཕྱི་རབས་སེམས་ཅན་ཅི་ལྟར་དྲང༌། །ཕྱི་རབས་སེམས་ཅན་ཇི་ལྟར་བཀྲིད། །བོན་གྱི་བསྟན་པ་དེར་ནུབ་བོ། །ཞེས་སྨྲས་ནས། གཡུང་དྲུང་སེམས་དཔའི་འཁོར་མང་པོ་ཡང༌། བོན་གྱི་བསྟན་པ་ནུབ་བོ་ཟེར་ནས་ཀུན་ངུས་སོ། །བཙུན་མོ་གཉིས་ཀྱང་བདུད་སྙིང་དུ་ཞུགས་པ་བྲོས་པས། དྲན་པ་རྙེད་ནས་བརྒྱལ་ཏེ་སོང་ངོ༌། །དེར་བདུད་ཁྱབ་པས་རང་ཡུལ་མུན་པའི་གླིང་བཟུང༌། ལྕགས་མཁར་སྒོ་བརྒྱའི་རྩེར་བསྡོད། སེམས་ཅན་བདུད་དང་འདྲ་བ་བློ་ཕྱིར་ཅི་ལོག་ལ་བལྟས་པ་མང་པོ། འཁོར་དུ་འདུས་ནས་འདུག་གོ། །དེའི་ཚེ་དེའི་དུས་ན། ཤེལ་གྱི་གུར་ཁང་ན་གཤེན་རབ་ཕྱ་ཡི།གཏོ་དཔྱད་མཛད་པ་ཐུགས་རྗེ་གཏོ་དང་དཔྱད་མཛད་པས། ཕྱ་ཡི་བར་ཆད་ནད་ཀྱང་སོས།འགྲོ་བའི་དོན་དེ་མཐར་ཕྱིན་ནས། གཡུང་དྲུང་སེམས་དཔའི་འཁོར་དང་ཆས། འོལ་མོ་ལུང་རིང་གནས་སུ་བྱོན། །བོན་གྱི་བསྟན་པ་ནུབ་བོ་ཟེར། འཁོར་རྣམས་ཐམས་ཅད་ངུ་ཞིང་འདུག། རྣམ་པ་ཐམས་ཅད་མཁྱེན་པ་ཡིས། ཇི་ལྟར་ཡིན་པར་གསལ་ལགས་ཀྱང༌། འགྲོ་བའི་དོན་དུ་ལྡེམ་དགོངས་གསུངས། ཁྱོད་རྣམས་ངུ་བ་ཅི་ཕྱིར་ངུ་། བོན་གྱི་བསྟན་པ་ཇི་ལྟར་ནུབ། དེ་སྐད་སྟོན་པས་བཀའ་བསྩལ་པས། འཁོར་རྣམས་ངུ་བའི་འཕྲོ་བཅད་ནས། ཡིད་ཀྱི་ཁྱེའུ་ཆུང་གིས་གསོལ་པ། རྣམ་པ་ཐམས་ཅད་མཁྱེན་པའི་གཤེན་རབ་ལགས། མེ་ལོང་གཡའ་དག་བཞིན་དུ་མ་རྨོངས་གསལ་ལགས་ན། ལོག་པའི་གཞི་ཆེ་བཙུན་མོ་དང༌། བར་ཆད་ཁྱབ་པ་བདུད་ཀྱི་བུས། བཀའ་ཡི་གཏོ་སྒྲོམ་ཡང་ཆུང་ངུ་། སངས་པོ་འབུམ་ཁྲིའི་ཐུགས་ཀྱི་བཅུད། ཡིག་འབྲུ་ཁྲི་དང་འབུམ་གཉིས་བཅུག། སྣང་སྲིད་སིལ་བུར་འཆད་པ་ཡི། གཏོ་སྒྲོམ་ཡང་ཆུང་མེ་ལ་བསྲེགས་པས་དུས། ཡིད་ཀྱི་ཁྱེའུ་ཆུང་གིས་དེ་སྐད་ཞུས། སྟོན་པས་བཀའ་བསྩལ་པ། བཙུན་མོ་བརྒྱལ་བ་ཡར་ལོངས་ལ། འཁོར་རྣམས་མ་བརྒྱལ་མྱ་ངན་འཕྲོ་ཆོད་ཅིག། བཀའ་ལུང་ངེས་པ་སྟོན་པས་བསྟན། དེ་སྐད་ཅེས་སྟོན་པས་གསུངས་པར་དར་དཀར་གྱི་ཁྱོགས་ལ་བཙུན་མོ་བརྒྱལ་བ་བཏེག། འཁོར་ཐམས་ཅད་མྱ་ངན་སངས་ནས། སྟོན་པའི་སྤྱན་སྔར་ཀུན་འཚོགས་ནས། ལུས་བཏུད་བཞིན་བསྟན་སེམས་ཀྱིས་དད་པ་སྐྱེད། དེ་ལ་སྟོན་པས་བཀའ་བསྩལ་པ། བདུད་ཀྱི་བར་ཆད་མེད་ན་གཤེན་རབ་ཡེ་མི་འབྱུང༌། འཁོར་བ་གོང་དུ་སྟོངས་ན་སེམས་ཅན་ཐར་ཡང་ཟིན། འདི་ལ་བརྒྱལ་ཅིང་མྱ་ངན་བྱེད་པ་ནི། བསླུས་ནས་ནག་པོ་བདུད་དུ་གྱུར་ནས། ལོག་པར་ཕྱོགས་པ་ཡིན། བདུད་ཀྱི་བར་མི་ཆོད་པར་དགེ་བ་དྲང་པོ་སྤྱོད། གཉིས་པོའི་སེམས་ནི་དངོས་པོ་བདུད་དང་འདྲེས་པ་ཡིན། བར་ཆད་འོང་བའི་རྒྱུ་ཡང་དངོས་པོ་དེ་ཉིད་ཡིན། མི་རྟག་སྒྱུ་མར་སོམས་ལ་དགེ་ལ་ཐང་ཆོད་དགོས། ངེས་པར་བསྟན་པ་ཡིན་གྱི་སེམས་དཀྱིལ་དུ་ཞོགས། །སྟོན་པས་བཀའ་ཡིས་སླེབས་པས། གཡུང་དྲུང་སེམས་དཔའི་འཁོར་རྣམས་ཀྱང་། ཤིན་ཏུ་སྤྲོ་བ་སྐྱེས་ནས་གདོང་མཆི་མ་ཅན་ཐམས་ཅད་ཁྲུས་ཀྱིས་བཀྲུས་ནས་སྟོན་པ་ལ་མཆོད་པ་ལུགས་སུ་ཕུལ་ལོ། །དེ་ནས་ཡིད་ཀྱི་ཁྱེའུ་ཆུང་གིས་བདུད་ཀྱི་མེ་ནང་ནས། བེ་བུམ་ཚིག་འཕྲོ་གཅིག་ཐོབ་པ། སྟོན་པ་ལ་ཕུལ་ནས་ཞུས་པའི་མདོ། རྣམ་པ་ཐམས་ཅད་མཁྱེན་པའི་སྟོན་པ་གཤེན་རབ་ལགས། ཚིག་འཕྲོ་བེ་བུམ་འདི་ལ་བསྟན་པའི་ས་བོན་འཚལ་ལམ་མི་འཚལ། ཁྱབ་པ་ལག་རིང་འདི་ལས་དགྲར་མེད་ན། སྟོན་པས་ཐམས་ཅད་ཐུལ་བས་འདི་མ་ཐུལ།འདི་ཡི་རྒྱུ་འབྲས་བདག་ཅག་འཁོར་རྣམས་ཀུན་ལ་བཤད་དེ་གསོལ། བཙུན་མོ་ཧོས་ཟས་གསོལ་པ། གཏོ་སྒྲོམ་སྲེག་པའི་གྲོས་ལ་བདག་ནི་མ་གཏོགས་ཏེ། ཆ་ཡོད་ཀུན་ལ་མ་སྨྲས་པས་འགྱོད་ཅིག་མཆིས། དེ་ཡང་དབང་པོའི་སེམས་འདི་ཞན་པས་རྟུལ། བཙུན་མོ་དཔོ་ཟ་རྐོང་བཟས་གསོལ་པ། བདུད་ཀྱིས་སླུ་ཚིག་བདེན་ནམ་སེམས་པ་དང༌། མི་བདེན་སེམས་པའི་ཁུ་འཕྲིག་སེམས་ལ་ཟོས། ཁུ་འཕྲིག་སྐྱོན་གྱིས་བདུད་ཀྱི་དབང་དུ་བསྡུས། ད་ཕྱིར་ཁུ་འཕྲིག་མི་བགྱིད་དགེ་ལ་ཐང་བཅད་དོ། །ནེའུ་ཆུང་གིས་གསོལ་པ། བདུད་ཀྱི་སྐྱོན་གྱིས་བདག་ཅག་བསླུས།སླུ་ཚིག་དེ་ལ་ཁུ་འཕྲིག་སེམས་ལ་མེད། ཁྱབ་པ་དམ་ལས་ལྡོག་གོ་བྱས་པས་ཀུན་ལ་བརྡ་སྦྱར་དུ།བདུད་ཀྱི་དམ་བརྩལ་ཁྲེལ་དང་གཞུང་ལ་བསམས། གཤེན་རབ་ཀྱིས་བཀའ་བསྩལ་པ། འཁོར་རྣམས་ད་རུང་སེམས་ཅན་ཡིན། །བདུད་ལྔ་མ་ཆོམས་སྐྱོན་སྒྲིབ་ཀྱིས།སེམས་ལ་དེ་ཙམ་ལས་མི་བརྟུབ། གསུངས་ནས་བེ་བུམ་ཚིག་འཕྲོར་གཟིགས་པས།

ཡི་གེ་དཔའ་བོ་འབྲུ་ལྔ་མ་ཚིག་པར་གསལ་བར་སྣང་། །དཔའ་བོ་འབྲུ་ལྔ་ཕྱག་ཏུ་བསྣམས་ནས་ཞལ་ནས་སྨོན་ལམ་འདི་སྐད་བཏབ། །ཡི་གེ་དཔའ་བོ་བདུད་ལ་དཔལ། །ཡེ་ཤེས་ལྔ་ཡི་སྙིང་པོ་ཡིན། །སེམས་ཅན་རྣམས་ཀྱི་བསོད་ནམས་ཡིན། །དུས་གསུམ་སྟོན་པའི་ཐུགས་རྗེ་ཡིན། །དུག་ལྔ་འཇོམས་པའི་སྙིང་པོ་ཡིན། །ལྷ་ལྔ་སྐུ་ཡི་ཕྱག་རྒྱ་ཡིན། །སྐུ་དང་གསུང་དང་ཐུགས་དང་གསུམ། །ཡོན་ཏན་འཕྲིན་ལས་ལྔ་ཉིད་ཡིན། །བདུད་ཀྱི་དམོད་མོ་དབང་ཆེ་ཡང༌། །སྟོན་པའི་ཐུགས་རྗེ་དོས་དྲག་པས། །ཡིག་འབྲུ་ཁྲི་འབུམ་བསྲེགས་པ་ཡང༌། །དཔའ་བོ་འབྲུ་ལྔའི་རྒྱུ་ཡོད་པས། །བདག་གི་རྐྱེན་གྱི་བསོད་ནམས་ཀྱིས། །དུད་པ་གནམ་ལ་སོང་བ་ཡང༌། །བོན་དང་གཤེན་དུ་དར་བར་ཤོག །མེ་ལྕེ་བར་དུ་ཤར་བ་ཡང༌། །བོན་དང་གཤེན་དུ་དར་བར་ཤོག།འདབ་མ་ས་ལ་ལྷགས་པ་ཡང༌། །བོན་དང་གཤེན་དུ་དར་བར་ཤོགསྟོན་པས་སྨོན་ལམ་དེ་སྐད་ཅེས་གསུངས་པས། །བདུད་ཀྱི་ལན་ཆགས་ནི་འཁོར།སེམས་ཅན་གྱི་བསོད་ནམས་དང༌སྟོན་པའི་ཐུགས་རྗེར་འཛོམས་པས།དུད་པ་གནམ་དུ་སོང་བ་ལས་གནམ་བོན་འབུམ་ཕྲག་མཐའ་ཡས་པར་བྱུང་ནས་སེམས་ཅན་གྱི་དོན་མཛད་དོ། །མེ་ལྕེ་བར་དུ་སོང་བ་ལས། བར་བོན་འབུམ་ཕྲག་གྲངས་མེད་པ་བྱུང་ནས། སེམས་ཅན་གྱི་དོན་མཛད་དོ། །འདབ་མ་ས་ལ་ལྷགས་པ་ལས། ས་བོན་འབུམ་ཕྲག་མཐའ་ཡས་པར་བྱུང་ནས། སེམས་ཅན་གྱི་དོན་མཛད་དོ། །ཡི་གེའི་ས་བོན་དཔའ་བོ་འབྲུ་ལྔ་ལས། འཕྲུལ་གྱི་ཡི་གེ་སུམ་ཅུ་རྩ་བརྒྱད་གྱེས་སོ།། །།

 

ཞང་ཞུང་སྨར་ཡིག་གམ་ཞང་ཞུང་ཡིག་རྒན་དུ་གྲགས་པའི་དཔེ།

1591348967972712.jpg

 

ལིག་མི་རྐྱའི་ཕྱག་ཐམ་དངོས་ཀྱི་དཔེ་བཤུས་ཕྱག་ཐམ་ནང་གི་ཡིག་གཟུགས་གསལ་བར་བཀོད་པའི་དཔེ་རིས།

1591348968989794.jpg

 

ཞང་ཞུང་སྨར་ཆུང་གི་དཔེ།

1591348967866253.jpg

 

1591348967976027.jpg

༡ སྟག་གཟིག་སྤུངས་ཡིག

སྟག་གཟིག་སྤུངས་ཡིག་ནི་གངས་ལྗོངས་སུ་ལོ་ངོ་བཞི་སྟོང་གི་སྔོན་རོལ་ནས་བོད་མིས་བེད་སྤྱོད་བཏང་བའི་ཡི་གེ་ཞིག་ཡིན།མཁས་དབང་རྣམ་པས་ཡུན་རིང་ཞིབ་འཇུག་གནང་བར་གཞིགས་ན་བོད་ཡིག་འདི་རྒྱ་གར་གནའ་བོའི་ཡི་གེ་ལཉྫ་དང་ཤིན་ཏུ་འདྲ།ཡིག་གཟུགས་འདི་ནི་མངའ་རིས་ས་ཁུལ་རྩ་མདའ་རྫོང་ཁོངས་ཀྱི་ཨེམ་ཆི་དཔལ་ལྡན་ཡེ་ཤེས་ལགས་ཀྱིས་ཡུན་རིང་ཉར་ཚགས་གནང་བའི་བོན་ཡིག་སུམ་རྟགས་པར་པོད་ལས་འདྲ་བཤུས་ཞུས།།

1591348967904815.jpg

1591348968395779.jpg

༢ སྨར་ཡིག

སྨར་ཡིག་ལ་སྨར་ཆེན་དང་སྨར་ཆུང་ཞེས་ཡིག་གཟུགས་མི་འདྲ་བ་ཁག་གཉིས་ཡོད་པ་དེ་ནི་གཡང་དྲུང་བོན་གྱི་སྟོན་པ་གཤེན་རབ་ཀྱིས་སྟག་གཟིག་སྤུངས་ཡིག་ལ་དཔེ་མཛད་དེ་གསར་གཏོད་གནང་།ད་བར་ལོ་སུམ་སྟོང་ཙམ་གྱི་ལོ་རྒྱུས་ལྡན།སྨར་ཡིག་ནི་ཐོག་མར་ཞང་ཞུང་རྒྱལ་ཕྲན་ལ་དར་བའི་ཡི་གེ་ཡིན་རུང་།སྤྱི་ལོའི་གོང་གི་དུས་རབས་གཉིས་པའི་ནང་གཉའ་ཁྲི་བཙན་པོས་བཙན་པོའི་རྒྱལ་རབས་བཙུགས་གནང་མཛད་རྗེས་སྨར་ཡིག་དེ་བཙན་པོའི་རྒྱལ་རབས་ཀྱི་རྒྱུན་སྤྱོད་ཡི་གེར་གྱུར། ཡིག་གཟུགས་འདི་ནི་མངའ་རིས་ས་ཁུལ་རྩ་མདའ་རྫོང་ཁོངས་ཀྱི་ཨེམ་ཆི་དཔལ་ལྡན་ཡེ་ཤེས་ལགས་ཀྱིས་ཡུན་རིང་ཉར་ཚགས་གནང་བའི་བོན་ཡིག་སུམ་རྟགས་པར་པོད་ལས་འདྲ་བཤུས་ཞུས།།

1591348968432591.jpg

༣ གཟི་ཡིག

གཟི་ཡིག་ནི་གནའ་རབས་ཞང་ཞུང་ཁུལ་དུ་དར་བའི་མཛེས་རྩལ་ཡིག་གཟུགས་ཀྱི་རིགས་གཅིག་ཡིན་ཞིང་།དེའི་དབྱིབས་ནི་གངས་ཅན་བོད་མིའི་མཛེས་རྒྱན་དུ་གྱུར་བའི་གཟི་ཁྲ་ལྟ་བུ་ལྟ་ན་སྡུག་པ་ཞིག་ཡོད།ཡིག་གཟུགས་འདི་ནི་མངའ་རིས་ས་ཁུལ་རྩ་མདའ་རྫོང་ཁོངས་ཀྱི་ཨེམ་ཆི་དཔལ་ལྡན་ཡེ་ཤེས་ལགས་ཀྱིས་ཡུན་རིང་ཉར་ཚགས་གནང་བའི་བོན་ཡིག་སུམ་རྟགས་པར་པོད་ལས་འདྲ་བཤུས་ཞུས།།

1591348968857349.jpg

༤ ལྷ་བབ་ཡི་གེ།

ལྷ་བབ་ཡི་གེ་ནི་ཞང་ཞུང་གི་དུས་སུ་དར་བའི་ཡི་གེ་ཞིག་ཡིན་ལ།ཉམས་འགྱུར་མི་འདྲ་བའི་སྨར་ཡིག་གི་ཡིག་གཟུགས་གསར་པའམ་ཡང་ན་སྨར་ཡིག་གི་མཛེས་རྩལ་ཡིག་གཟུགས་ལ་ངོས་འཛིན་བྱེད་ཆོགཡིག་གཟུགས་འདི་ནི་མངའ་རིས་ས་ཁུལ་རྩ་མདའ་རྫོང་ཁོངས་ཀྱི་ཨེམ་ཆི་དཔལ་ལྡན་ཡེ་ཤེས་ལགས་ཀྱིས་ཡུན་རིང་ཉར་ཚགས་གནང་བའི་བོན་ཡིག་སུམ་རྟགས་པར་པོད་ལས་འདྲ་བཤུས་ཞུས།།

1591348968512716.jpg

1591348968286839.jpg

༥ ཞང་ཞུང་དམར་ཡིག

ཞང་ཞུང་དམར་ཡིག་ནི་གཡུང་དྲུང་བོན་ཆོས་གཏོད་པའི་དུས་སུ་ཞང་ཞུང་ཁུལ་དུ་དར།ང་ཚོས་སྔར་ཡིག་གཟུགས་དེ་འདྲ་ཞིག་དར་མྱོང་ཡོད་པ་ཤེས་པ་ཙམ་ལས་དེ་དང་འབྲེལ་ཡོད་ཀྱི་གནད་དོན་ཇི་སྙེད་རྟོགས་ཐབས་དཀའ་བས་ཕྱིས་འབྱུང་མཁས་དབང་རྣམ་པས་མུ་མཐུད་དེ་ཞིབ་དཔྱད་མཛད་རྒྱུ་རེ་བ་ཆེ།

སྤེལ་མཁན། ཚེ་རིང་དོན་གྲུབ།   རྩོམ་འགན། ཚེ་མགོན།

ངེད་ཚོའི་སྐོར། | འབྲེལ་ཞུ། | གསལ་ཞུ། | མཛའ་འབྲེལ། | མཉེན་ཆས་ཡར་སྤྲོད།

CopyRight © 2011-2020 BODYIG.NET 【མཉེན་ཆས་གླིང་།】 | 陇ICP备15003445-10 | 甘公网安备 662302702270019号

ཆེད་ཞུ། འདི་གའི་མཉེན་ཆས་སོགས་ཀྱི་རྒྱུ་ཆ་ཚང་མ་སྤྱོད་པར་ཕྱོགས་གང་གི་ཁེ་དབང་ལ་གནོད་སྐྱོན་ཐེབས་ཀིན་ཡོད་ཚེ། ངེད་ཅག་གིས་རེ་ཞུ་ལྟར་མྱུར་མོར་བརྩད་གཅོད་སྒོས་ཐག་གིས་གཅོད་ཆོག